查看原文
其他

འཆི་ཁ་མའི་སེམས་སྐད་ཅིག་འདི་ཤིན་ཏུ་གལ་ཆེ།

ཕེབས། 👉 Qiu1980
2024-09-29




ལེའུ་བདུན་པ།

ནང་པ་སངས་རྒྱས་པའི་འཆི་ཁའི་བྱམས་སྐྱོང་།





༡༠  མི་ཤི་རྗེས་ཅི་ཡང་མེད་པ་ཞིག་ཏུ་འགྱུར་མི་སྲིད།

ད་སྐབས་ཀྱི་དུས་རབས་འདིར་འཆི་ཁར་གནས་པའི་མི་རྣམས་ལ་བྱམས་སྐྱོང་གི་ལས་ཀས་ལར་ནས་འདང་བཞིན་མེད། གལ་སྲིད་སུ་ཞིག་གི་ཁྱིམ་དུ་བུ་ཆུང་ལོ་ལོ་ཞིག་བཙས་པ་ན་ཁྱིམ་མི་ཀུན་གྱིས་བྱང་ཆུབ་པར་སྦྱངས་པའི་བྱིས་སྐྱོང་བེའུ་བུམ་ཞིག་ཡོད། ཡིན་ཡང་ཁྱིམ་མི་ལོ་ལོན་ཞིག་འཆི་ཁར་ཐུག་ཚེ་སྐྱོ་བས་གདུང་ཞིང་ཅི་བྱ་གཏོལ་མེད་དུ་གྱུར་ནས་ངུ་བ་ལས་ཅི་ཞིག་སྒྲུབ་དགོས་མི་ཤེས།

བར་དོའི་གདམས་ངག་འགའ་ཞིག་ལས་གསུངས་པ་དང་མཚུངས་པར་མི་འཆི་བའི་སྐབས་སུ་ཤིན་ཏུ་སྙིང་རྗེ་བ་ཞིག་རེད།དེ་ཡང་སྔོན་ནས་དམྱལ་བའི་ལས་མཁན་དག་གིས་ཁྲིད་ཅིང་རྒྱབ་ནས་ལས་ཀྱི་རླུང་དམར་གྱིས་འདེད།སེམས་སུ་མི་འདོད་པ་བརྒྱ་ཡོད་རུང་ཚེ་འདིའི་ཡོད་ཚད་ཤུལ་དུ་མི་སྐྱུར་བའི་ཐབས་མེད།ཕྱི་མར་བགྲོད་པའི་བར་དོའི་འཕྲང་རིང་འགྲིམས་ནས་རང་གཅིག་པུས་བར་དོའི་འཇིགས་སུ་རུང་བའི་སྣང་བ་ཐམས་ཅད་ཐོད་པས་བསུ་དགོས་པ་སོགས་དང་དེའི་ཚེ་ཤི་བོ་དེར་ཁྱིམ་མི་རྩ་ལག་གི་རམ་འདེགས་ཤིན་ཏུ་མཁོ་བ་སོགས་

གསུངས་ཡོད།

བོད་དུ་མི་ཧ་ཅང་མང་པོས་གསང་བ་སྔགས་ཀྱི་བར་དོའི་གདམས་ངག་ལ་ཐོས་བསམ་བྱེད་མྱོང་བས་འཆི་བ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པ་ཤེས་ཤིང་གཞན་ལ་རམ་འདེགས་ཀྱང་ཇི་ལྟར་སྦྲན་དགོས་པ་ཤེས།ཁོ་ཚོ་ཆེའི་འདུ་བྱེད་རྫོགས་ནས་མི་ཚེའི་ལམ་གྱི་སྣེ་མོར་ཕྱིན་པས་འཆི་ཁའི་བར་དོ་དང་ཆོས་ཉིད་བར་དོ།སྐྱེ་གནས་བར་དོ་སོགས་རེ་རེ་བཞིན་འཆར་བའི་ཚེ་རྡོ་རྗེའི་སློབ་དཔོན་གྱི་གདམས་ངག་ལ་བརྟེན་ནས་གདོད་ནས་མ་བཅོས་པར་གྲུབ་པའི་རང་གི་སེམས་ངོ་མཐོང་བའམ་ཞི་ཁྲོའི་ལྷ་ཚོགས་ངོས་ཟིན་པའི་ཚུལ་གྱིས་ཐར་བའི་སྐམ་སར་གཤེགས་པ་རེད།

བར་དོའི་ཁྲིད་ཡིག་དག་ལས་འཆི་བ་མདུན་དུ་ལྷགས་སྐབས་དབང་པོ་རྣོན་པོ་དག་གིས་སེམས་ཀྱི་རང་བཞིན་ཤེས་ཏེ་གྲོལ། དབང་པོ་འབྲིང་དག་གིས་བར་དོ་མངོན་དུ་གྱུར་པའི་ཚེ་གདམས་ངག་སྣ་ཚོགས་ཀྱིས་གྲོལ།དབང་པོ་ཐ་མ་དག་གིས་རང་སེམས་ལམ་དུ་ཁྱེར་ནས་ཕྱི་མའི་འཇིག་རྟེན་དུ་སེམས་ཅན་གྱི་དོན་བྱེད་པའི་སྤྲུལ་པའི་སྐུར་འགྱུར་བའི་ཚུལ་གྱིས་གྲོལ་ཞེས་གསུངས། གཞན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ད་དུང་ཐུན་མོང་མ་ཡིན་པའི་གདམས་ངག་མང་པོ་གསུངས་ཏེ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་དང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ། འདུ་ཤེས་གསུམ་ལྡན་གྱི་འཕོ་བ་སོགས་གསུངས་སོ།།

བོད་ཀྱི་མི་ཚེ་འཕོས་པའི་རྗེས་སུ་ད་དུང་ཞག་ཞེ་དགུའི་རིང་དུ་ཉིན་བཞིན་ཤི་བོའི་ཆེད་དུ་བར་དོ་ཐོས་གྲོལ་སོགས་འདོན་པས་གསང་སྔགས་ཀྱི་བསམ་གྱིས་མི་ཁྱབ་པའི་ཆོས་དེ་དག་གི་བྱིན་རླབས་ལ་བརྟེན་ནས་ཤི་བོ་ལ་ཚད་དང་རིམ་པ་ཅི་རིགས་པའི་ཕན་ཐོགས་འབྱུང་ངེས་ཅན་རེད།

ཞག་ཞེ་དགུའི་རིང་དུ་རིམ་གྲོ་སྒྲུབ་པ་འདི་བོད་ཁོ་ན་མ་ཡིན་པར་རྒྱ་ནག་ལ་ཡང་འདི་འདྲའི་ལུགས་སྲོལ་ཡོད།ཇི་སྐད་དུ་སའི་སྙིང་པོའི་མདོ་ལས་ཚེ་འཕོས་པའི་རྗེས་སུ་བདུན་ཕྲག་བདུན་གྱི་ནང་དུ་དགེ་བ་རྒྱ་ཆེར་འདུ་བྱས་ན་སེམས་ཅན་དེ་དག་ཚེ་རབས་ཐམས་ཅད་དུ་ངན་སོང་ལས་གྲོལ་ནས་ལྷ་མིའི་མཐོ་རིས་ཀྱི་བདེ་བའི་དཔལ་ལ་ལོངས་སུ་སྤྱོད་ཅིང་ད་ལྟའི་འཁོར་སེམས་ལ་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས།

ཡིན་ཡང་ཤི་བོ་ལ་རབ་བྱུང་གདན་དྲངས་ནས་ཞག་ཞེ་དགུའི་རིང་དུ་རིམ་གྲོ་སྒྲུབ་པ་འདི་ད་ལྟའི་རྒྱ་ནག་གི་ཡུལ་གྲུ་སོ་སོར་ཆ་རྐྱེན་མི་འཛོམས།གང་ལྟར་བུ་བུ་མོ་རྣམས་ཀྱིས་ཤི་བོའི་མིང་བྱང་གི་མདུན་ནས་རྡོ་རྗེ་གཅོད་པ་དང་འོད་མདོ།བཟང་པོ་སྤྱོད་པའི་སྨོན་ལམ།སའི་སྙིང་པོའི་མདོ།དམ་པའི་ཆོས་པདྨ་དཀར་པོ་ལྟ་བུའི་ཆོས་ཀྱི་གླེགས་བམ་ཀློག་པའམ་མགོན་པོ་འོད་དཔག་ཏུ་མེད་པའི་མཚན་བརྗོད་པ་དང་འཕགས་པ་སྤྱན་རས་གཟིགས་དབང་གི་བསྙེན་པ་སོགས་བཏོན་ནས་ཤི་བོ་སྟུག་བསྔལ་ལས་བྲལ་ཏེ་བདེ་བ་དམ་པ་འཐོབ་པའི་ཆེད་དུ་དགེ་རྩ་

ཡོངས་སུ་སྔོ་བར་བྱེད་པས་ཀྱང་འཐུས་སོ།།

བོད་དུ་ཁྱིམ་ཚང་ཕལ་མོ་ཆེའི་བུ་རྒྱུད་ཀྱིས་ཤི་བོ་ལ་ཞག་ཞེ་དགུའི་རིང་དུ་རིམ་གྲོ་སྒྲུབ་པ་མ་ཟད་ཐ་ན་ལོ་རེ་བཞིན་དགུང་ཞག་གི་དུས་སུ་ཆོས་སྒྲུབ་ཅིང་ལ་ལས་དགོན་པའི་དགེ་འདུན་པ་རྣམས་ལ་ཡོན་ཕུལ་ནས་འཕོ་བའམ་འཕགས་པ་སྤྱན་རང་གཟིགས་དབང་གི་བསྙེན་པ་གསུང་བར་ཞུ་བ་རེད།ལ་ལས་ཤི་བོའི་མིང་ལེགས་པར་བྲིས་ཏེ་མཆོད་པའི་བདོག་པ་དང་ལྷན་དུ་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཏུ་ཕུལ་ནས་ཤི་བོའི་རྣམ་ཤེས་སྤར་བའི་འཕོ་བ་ཞུ་བ་རེད།

ལ་ལས་ནི་ཤི་བོའི་དུར་སྦ་སའི་ས་ཕྱོགས་སུ་དར་ལྕོག་འདོགས་པའམ་མ་ཎི་རྐོ་བ་སོགས་ཀྱང་བྱེད་པ་རེད།

འདི་དག་ཐོས་རྗེས་ཁ་ཅིག་ཡི་མ་རངས་ཏེ་མི་ཤི་ནས་ཡུན་རིང་འགོར་ཟིན་པས་འདི་དག་སྒྲུབ་པ་ལ་ཕན་ཅི་ཞིག་ཡོད་ཅེས་སྨྲ་སྲིད།

དོན་དུ་མི་ཤི་རྗེས་ཅི་ཡང་མེད་པ་ཞིག་ཏུ་མི་འགྱུར་བས་ཤི་ནས་ཡུན་ཇི་ཙམ་འགོར་རུང་དེའི་ཆེད་དུ་རིམ་གྲོ་སོགས་དགེ་བའི་ལས་མང་དུ་བསྒྲུབས་ན་དཀོན་མཆོག་གསུམ་གྱི་བསམ་གྱིས་མི་ཁྱབ་པའི་བྱིན་གྱིས་རླབས་པ་ལ་བརྟེན་ནས་སྐྱེ་བ་བླངས་པའི་ལུས་དེ་ལ་ཡང་ཕན་ཐོགས་ཏེ་དེའི་སྡུག་བསྔལ་མང་པོ་སེལ་ནུས།

དེའི་ཕྱིར་གལ་སྲིད་ཚེ་ལས་འདས་པའི་གཉེན་ཉེ་སོགས་ལ་ཕན་པ་སྒྲུབ་སྙམ་ན་ཆ་རྐྱེན་འཛོམས་སྐབས་དགེ་འདུན་པ་གདན་དྲངས་ནས་རིམ་གྲོ་སྒྲུབ་ཆོག་ཅིང་རང་ཉིད་ཀྱིས་ཆོས་ཀྱི་གླེགས་བམ་གློག་པ་དང་གཟུངས་སྔགས་བཟླ་བ་དང་དགེ་བའི་ལས་མངོན་པར་འདུ་བྱས་ཏེ་དེའི་དགེ་རྩ་ཤི་བོ་ལ་ཡང་སྔོ་ཆོག  སྔོ་བ་བྱེད་པའི་ཚེ་སེམས་སུ་ཤི་བོ་དེ་ལ་དགེ་བའི་རྩ་བ་བསྔོ་བར་བྱའོ་སྙམ་དུ་བསམ་ཆོག་ཅིང་ངག་ཏུ་དགེ་བ་དེའི་ཕན་ཡོན་གྱིས་ཤི་བོ་ག་གེ་མོ་ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག་ཅིག་ཅེས་སྨྲས་ཀྱང་འཐུས།

ལ་ལ་དག་གིས་གལ་སྲིད་སྐྱེས་བུ་དམ་པས་ཤི་བོ་ལ་རིམ་གྲོ་བྱས་ན་ཕན་ཐོགས་འབྱུང་བས་ཤིན་ཏུ་བཟང་ཡང་ང་ལྟ་བུའི་སོ་སོའི་སྐྱེ་བོས་དགེ་བའི་ལས་བསགས་ཏེ་བསྔོས་པས་ཅི་ཞིག་ཕན་ཞེས་སྙམ་ལས་ཆེ།

བསམ་བློ་འདི་ནི་ནང་ཆོས་ཀྱི་རྒྱུ་མཚན་མ་ཤེས་པའི་རང་རྟགས་ཤིག་ཡིན།སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུངས་སྔགས་དང་ཆོས་ཀྱི་གླེགས་བམ་སོགས་གང་ཟག་སུ་ཞིག་གི་ཁ་ནས་བཀླགས་ཀྱང་ཤི་བོ་ལ་ཕན་ཐོགས་འབྱུང་ངེས་པ་འདི་ཅིས་ཀྱང་ཤེས་དགོས།དེ་ནི་རྒྱུ་ནོར་གང་ཟག་སུ་ཞིག་གི་ལག་ཏུ་ཡོད་ཀྱང་རིན་ཐང་ལྡན་པ་དང་ཤིན་ཏུ་མཚུངས།ཕྱུག་པོས་སྤྱོད་ཆོག་པ་མ་ཟད་དབུལ་པོའི་ལག་ཏུ་ཐོབ་པ་ན་ཡང་དེས་ཅི་དགར་སྤྱོད་ཆོགདེ་མཚུངས་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་དང་མདོ་སྡེ་སོགས་ནི་བྱིན་རླབས་ཀྱི་ཚན་ཁ་འབར་པའི་རྡོ་རྗེའི་གསུང་ཡིན་པས་གང་ཟག་སུ་ཞིག་གིས་བཀླགས་ཀྱང་ནུས་པ་ཐོན་ནུས།རྟོགས་པ་ལ་མངའ་དབང་འབྱོར་བའི་སྐྱེས་བུ་ཆེན་པོ་ལས་གཞན་སུ་གཅིག་ལ་ཡང་ཀློག་པ་དང་བཟླ་བའི་ཐོབ་ཐང་མེད་ཅེས་མདོ་སྡེ་གང་ལས་ཀྱང་མ་གསུངས།

རང་རེས་དལ་འབྱོར་གྱི་མི་ལུས་ལན་གཅིག་རྙེད་པ་འདི་ཤིན་ཏུ་དཀའ་ཞིང་དཀོན་ལ།གལ་ལ་ཐུགཔའི་དུས་སུ་ཆོས་ཀྱི་བྱིན་རླབས་སྣུམ་པོའི་ར་མདའ་མེད་ན་ཤིན་ཏུ་ཡིད་ཕངས་པ་ཞིག་ཡིན།གང་ལྟར་འཆི་བ་ནི་སྐྱེ་བོ་ཡོད་ཚད་ནས་ཡོད་ཚད་ཀྱིས་གཡོལ་ཐབས་བྲལ་བའི་ལས་བསྐོས་ཤིག་ཡིན་པ་དེ་ལྟ་ན་ཚང་མས་འཇིག་རྟེན་དུ་གསོན་པའི་སྐབས་སུ་འཆི་ཁའི་གདམས་ངན་འགའ་ཞིག་ལ་བྱང་ཆུབ་པར་སློབ་པའི་རེ་བ་ཆེ།འདིས་རང་གཞན་གཉིས་ཀ་ལ་ཕན་ཤིན་ཏུ་ཆེན་པོ་ཐོགས་ནུས་སོ།།

ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存